༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༠ ཉིན། དཔལ་རྒྱལ་བ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཚོགས་ཕེབས་གདན་ཞུས་ཀྱིས། རིན་པོ་ཆེ་མཆོག་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་རླབས་ཆེན་ཐུགས་བཞེད་འགྲུབ་ཆེད། མཁན་བླ་འདུས་མང་ནས་ཐུགས་སྨོན་དང་འབྲེལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་མཚོན་བྱེད་དུ་གུས་འབུལ་ཞུས། དེ་རྗེས་སོག་པ་ཁང་ཚན་དང་། ཉག་རེ་ཁང་ཚན་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། རིན་པོ་མཆོག་ནས་གྲྭ་ཚང་དུ་བསྙེན་བཀུར་གཟབ་རྒྱས་ཞུས།

དཔལ་རྒྱལ་བ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་སྤྲུལ་ངག་དབང་ཆོས་ཀྱི་སྣང་བ་མཆོག་ནི། བོད་འཛམ་ཐང་དགོན་དུ་ཆུང་དུས་ནས་སྒྲིག་ཞུགས་ཀྱིས་གཙོ་བོ་སྒྲུབ་གྲྭའི་ནང་ལོ་ངོ་ ༡༥ ལྷག་བཞུགས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་ཕེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁའི་སྐལ་བཟང་བྱུང་རྗེས། དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་གནང་།

དེ་རྗེས་འཕགས་ཡུལ་སིམ་ལཱ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་རབས་དང་པོའི་ཁྲི་ལ་ཕེབས་ཏེ་ལོ་ངོ་ ༡༢ རིང་མཁན་པོའི་མཛད་འགན་ཡང་དག་པར་བཞེས།

ཕྱི་ལོ་ ༢༠༡༤ ལོར་དཔལ་རྒྱལ་བ་ཇོ་ནང་པའི་ལོ་འཁོར་ཚོགས་ཆེན་ཐོག་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་སྤྱི་མོས་ཀྱིས་འོས་འདེམས་བྱུང་སྟེ་དཔལ་རྒྱལ་བ་ཇོ་ནང་གི་རྒྱལ་ཚབ་ཁྲི་རབས་དང་པོར་བསྐོ་གཞག་བྱུང་ནས་ལོ་ལྔའི་རིང་མཛད་འགན་བཞེས།  ཕྱི་ལོ་ ༢༠༡༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་གི་སྨོན་ལམ་དང་ལོ་འཁོར་ཚོགས་ཆེན་འཚོག་སྐབས་གནད་ཡོད་མི་སྣས་གཙོས་ཚོགས་ཞུགས་པ་དྲུག་བརྒྱ་ལྷག་ཡོད་པ་སྤྱི་མོས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབས་གཉིས་པ་འོས་འདེམས་མི་དགོས་པར་ད་ལྟའི་ལས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབས་དང་པོ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གིས་བསྐྱར་དུ་ཐུགས་འགན་བཞེས་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་གནང་སྟེ། ད་ལྟ་བྱེས་ཀྱི་ཇོ་ནང་རྒྱལ་ཚབ་ཁྲི་རབས་གཉིས་པའི་མཛད་འགན་བཞེས་བཞིན་པ་ཡིན།

རིན་པོ་ཆེ་མཆོག་རྒྱུན་དུ་སྙོམས་ཆུང་ཚུལ་ལྡན་འདུལ་བའི་ཉམས་བཞེས་གཞི་རྩར་བཟུང་སྟེ། དུས་འཁོར་གྱི་སྦྱོར་དྲུག་བསྙེན་མཚམས་ཐེངས་བཞི་ལོ་ངོ་ ༡༢ ལྷག་བཞུགས་ཤིང་། གཞན་ལའང་སྦྱོར་དྲུག་གི་སྒོམ་ཁྲིད་གཙོ་བོ་འཆད་སྤེལ་གནང་བཞིན་བཞུགས། གཞན་ཡང་ཤིང་སྣ་འདེབས་འཛུགས་ཀྱིས་མཚོན་ཁོར་ཡུག་ཐོག་དམིགས་བསལ་ཐུགས་ཁུར་བཞེས་གནང་མཁན་དང་། ༸གོང་ས་༌སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཐུགས་སྣང་དང་ཐུགས་དགྱེས་མཉེས་གནང་ཡུལ་ཞིག་ཡིན།

རིན་པོ་ཆེ་མཆོག་རྒྱལ་བསྟན་སྤྱི་དང་། བྱེ་བྲག་དཔལ་རྒྱལ་བ་ཇོ་ནང་གི་བསྟན་པའི་དོན་དུ་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་། མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་སྨོན་འདུན་ཞུ།།