དགའ་ལྡན་ཤར་རྩེ་གུང་རུ་ཁང་ཚན།

དགའ་ལྡན་ཤར་རྩེ་གུང་རུ་ཁང་ཚན།

གུང་རུ་ཁང་ཚན་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་དབུས་གཙང་གཉིས་ཀྱི་དབུས་ལ་དབུ་རུ་དང་གཡོ་རུ། གཙང་ལ་གཡས་རུ་དང་རུ་ལག ཡན་ལག་སུམ་པའི་རུ་བཅས་རུ་ལྔར་ཕྱེས་པ་དང་། རུ་ཞེས་པ་ཡང་དམག་སྒར་གྱི་བརྡ་རྙིང་ཡིན་ཞིང་། སྐབས་དེའི་དབུས་ཕྱོགས་ཀྱི་དམག་སྒར་ཆགས་ཡུལ་གཙོ་བོ་ཁག་ལ་རུ་ལྔར་ཕྱེས་པར་གྲགས་ཀྱང་། སྤྱི་ལོའི་དུས་རབས་ ༡༧ པར་གཡས་རུ། གཡོན་རུ། དབུས་རུ། གུང་རུ་ཞེས་མིང་བསྒྱུར་བྱས། འདིའི་སྐབས་ཀྱི་གུང་རུ་ཞེས་པ་དེ་ཡང་སྔར་གྱི་སུམ་པའི་རུའི་ཁོངས་གཏོགས་ཀྱི་ས་ཁུལ་ལ་ཁེལ་འདུག་པ་དང་། དེ་ཡང་དེང་སྐབས་ཤོ་སྟར་ལྷོ་གསུམ་སོགས་ཡིན་ཕྱིར། ཁང་ཚན་འདིའི་གྲྭ་རྒྱུན་འབྱུང་ཁུངས་གཙོ་བོའི་ས་ཁུལ་གྱི་མིང་དེ་ཁང་ཚན་ལ་ཐོགས་ཏེ། གུང་རུ་ཁང་ཚན་ཞེས་གྲགས།

རིགས་པའི་དབང་ཕྱུག་ཆེན་པོ་དགེ་བའི་བཤེས་གཉེན་བློ་བཟང་རྒྱ་མཚོ། གུང་རུ་སྤྲུལ་སྐུ་བློ་བཟང་མཁྱེན་རབ་སོགས་བྱོན།

༡༽ གྲྭ་རྒྱུན་ཡོང་ཁུངས། ཤོ་སྟར་ལྷོ་གསུམ་ཡིན་པ་དང་། ཡུལ་གྲུ་གཞན་ནས་ཀྱང་གྲྭ་རྒྱུན་ཕེབས་སྲོལ་ཡོད། དེང་སྐབས་རྒྱ་བལ་འབྲུག་གསུམ་དང་ཧི་མ་ལའི་མི་རིགས་ཀྱང་མི་ཉུང་བ་ཞིག་ཡོད།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་གལ་ཆེན།
ཁང་ཚན་གྱི་སྲུང་མའི་གཙོ་བོ་མགོན་དཀར་ཡིན་ཞིང་། རྒྱུན་དུ་ཟླ་བསྐང་ཆག་མེད་དང་། ཁང་ཚན་ལོ་གསར་སྐབས་དམིགས་བསལ་ཞབས་རིམ་གསུང་ཆོག ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་ ༡༡༥ ཙམ་ཡོད་པར་ཐོས།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་ ༨ ཙམ་སྦག་ས་ཆོས་སྒར་དུ་ཕེབས་ཐུབ་པ་བྱུང་ཡོད།
ག༽ ཐོག་མར་མོན་གྷོར་ཕེབས་སྐབས་དགེ་འདུན་པའི་ཞལ་གྲངས་ ༦ ཙམ་ཡོད།
ང༽ དེང་སྐབས་དགེ་འདུན་པ་ ༢༠ ཡོད།

༤༽ འཛིན་སྐྱོང་སྡེ་ཚན་སྐོར།
ཁང་ཚན་དགེ་རྒན་གཅིག དབུ་མཛད་གཅིག གཉེར་བ་གཉིས་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།