དགེ་བསྐོས། དབུ་མཛད། དགེ་བཤེས་ཆེན་མོའི་སྐོར།

དགེ་བསྐོས། དབུ་མཛད། དགེ་བཤེས་ཆེན་མོའི་སྐོར།

༡༽ ཁྲིམས་བདག་དགེ་བསྐོས་སྐོར།

ཞལ་ངོའམ་དགེ་བསྐོས་ནི། སྔ་མོ་ཚོགས་ཆེན་ཞལ་ངོ་༸གོང་ས་མཆོག་ནས་ཕྱག་རྟགས་སྩལ་སྲོལ་ཡོད་ཀྱང་། བར་ལམ་དུས་འགྱུར་ལ་གཞིགས་པའི་དགོངས་བཞེས་ཀྱིས་གྲྭ་ཚང་མང་གི་འོས་བསྡུའི་བྱས་ཏེ། འོས་གྲངས་མང་ཤོས་དེར་མཁན་རིན་པོ་ཆེས་ཕྱག་རྟགས་སྩལ་གནང་གིས་བསྐོ་བཞག་བྱེད་བཞིན་ཡོད།

དེ་ཡང་ཕྱག་རྟགས་གྲྭ་ཚང་གི་ལས་ཤོག་ཐོག་ཏུ་བཀོད་པ་དེ་ཉིད། ཕྱག་མཛོད་ཉག་རོང་སྡེ་པ་དང་བླ་བྲང་གི་ཕྱག་མཛོད་གཉིས་ནས་། ཚེས་གྲངས་བཟང་བ་ཞིག་ལ་དགེ་བསྐོས་སར་འབུལ་དགོས། དེར་དགེ་བསྐོས་ནས་གསོལ་ཇ་དང་འབྲས་སིལ་བཅས་གྲ་སྒྲིག་ཞུ་རྒྱུ།

དགེ་བསྐོས་ངེས་པ་དེས་གཟའ་ཚེས་བཟང་བ་ཞིག་ལ་མཁན་རིན་པོ་ཆེའི་དྲུང་དུ་གསར་མཇལ་ཞུ་དགོས། དེ་ནས་དགེ་བསྐོས་བརྗེས་པའི་ཉིན་མོ་དེར་ཐོག་མར་རང་ཤག་ཏུ་དགེ་བསྐོས་ཀྱི་ཆས་གོས་གཟབ་འཕྱོར་བཞེས་ཤིང༌། གྲྭ་ཚང་ཐོག་ཏུ་ཕེབས་ཏེ་མཁན་རིན་པོ་ཆེ་མཇལ་ཁ་ཞུ། བླ་བྲང་ནས་བཞུགས་གདན་བཏིང་ཞིང་གྲོ་མ་འབྲས་སིལ་བཅས་འབུལ། དེ་རྗེས་དགེ་བསྐོས་གནམ་ཡངས་ཁར་ཕེབས་ཏེ་དེར་གདིང་བ་བཏིང་ནས་ཕྱག་གསུམ་འཚལ། རང་གིས་ཕྱོགས་བལྟས་པའི་ཕྱོགས་དེར་ཞལ་ཕྱོགས་ནས་དབུ་ཞྭ་བཞེས་ཏེ་འཐོར་ནས་གཏོར་རྗེས་འཁར་རྔ་ལན་གསུམ་བརྡུང༌རྒྱུ་སོགས་སྒྲིག་གཞི་ཁག་ཏུ་གསལ་བ་ལྟར་ཡིན།

དེང་སྐབས་ཞལ་ངོ་དང་དགེ་བསྐོས་གཅིག་ལྕོགས་ཡིན་པས། དགའ་ལྡན་གླིང་ཡོངས་རྫོགས་ཀྱི་བཅའ་ཁྲིམས་ཀྱི་བདག་པོ་ཡིན་པས། དམ་ཆོས་འདུལ་བའི་བཅས་ཁྲིམས་དང་། དགེ་འདུན་གྱི་ནང་ཁྲིམས། གདན་ས་གྲྭ་ཚང་གི་འཚོགས་ཆོས་སློབ་གཉེར་སོགས་ཕྱོགས་གང་ཞིག་ནས་ཁྲིམས་འགལ་བྱེད་མཁན་བྱུང་རིགས་ལ་ཐག་གཅོད་གནང་རྒྱུའི་འགན་དབང་གཉིས་ཀ་ཡོད།

ལོ་འཁོར་མའི་ནང་ཆོས་ཕྱོགས་ཀྱི་བྱ་བ་རྣམས་དུས་ནས་དུས་སུ་ཕྱག་ལེན་བསྟར་ཕྱོགས། མཁན་རིན་པོ་ཆེ་ཕྱི་ཕྱོགས་སུ་ཕེབས་སྐབས་གྲྭ་ཚང་དུ་མཁན་ཚབ་གནང་དགོས། ཞལ་ངོ་རྒན་པ་ཁེལ་སྐབས་ཚོགས་ཆེན་དུ་ཇ་གནང་དང་འདས་གསོན་ཁག་གི་སྐྱབས་ཞུ་སྙན་སྒྲོན་ཞུ་རྒྱུ་དང་། གཞོན་པ་ཁེལ་ཚེ་མཁན་རིན་པོ་ཆེར་གསོ་སྦྱོང་གི་མདོ་འདོན་པ་པོར་གསོལ་འདེབས་ཞུ་རྒྱུས་མཚོན་མཛད་འགན་མང་པོ་ཡོད།

ལས་ཡུན་ལོ་གཅིག་རེ་ཡིན། སྔར་བོད་དུ་གྲྭ་ཚང་ལ་དགུན་ཆོས་དགེ་བསྐོས་དང༌། དབྱར་གནས་དགེ་བསྐོས་བཅས་ལོ་གཅིག་ལ་དགེ་བསྐོས་གཉིས་རེ་ཡོད་ཅིང༌། དེ་གཉིས་ཀྱི་ལས་རྒྱུན་ཟླ་བ་དྲུག་རེ་ཡིན།

༢༽ དབུ་མཛད་ཆེན་མོའི་སྐོར།

༡༽ དབུ་མཛད་བསྐོ་བཞག

བྱང་འདྲེན་ཆེན་མོ་དབུ་མཛད་ནི།   སྔར་བོད་དུ་མཁན་རིན་པོ་ཆེ་ནས་མི་བབས་དང་སྐད་བཟང་བ། གྲྭ་ཚང་གི་འདོན་ཆ་དང་རྟ་དབྱངས་རོལ་མོ་སོགས་ལ་མཁས་པ་ཞིག་བསྐོ་བཞག་གནང་སྲོལ་ཡོད་ཀྱང་། དེང་སྐབས་གྲྭ་མང་གིས་འོས་འདེམས་ཀྱི་ལམ་ནས་ཐོན་པའི་འོས་གྲངས་མང་ཤོས་གཉིས་སམ། གསུམ་བཏོན་ཏེ། རྒྱལ་བའི་བསྟན་སྲུང་ཆེན་པོ་བསེ་ཡི་གོ་ཁྲབ་ཅན་གྱི་སྐུ་མདུན་དུ་དགེ་འདུན་འདུས་མང་བཞུགས་སར་མཁན་རིན་པོ་ཆེས་ཟན་རིལ་བསྒྲིལ་ནས། དང་པོ་གང་ཕེབས་དེ་གྲྭ་ཚང་དབུ་མཛད་ཆེན་མོར་བསྐོ་བཞག་བྱེད་བཞིན་ཡོད།

གཟའ་སྐར་བཟང་བ་ཞིག་ལ་ཉག་རོང་སྡེ་པ་འོས་འབུལ་སར་བཅར་དགོས། དེ་སྐབས་ཆེ་མོ་ལགས་ནས་རང་ཉིད་ཀྱི་གཟིམས་ཤག་ཏུ་གསོལ་ཇ་དང༌། འབྲས་བསིལ་བཅས་གོ་སྒྲིག་གནང༌། དབུ་མཛད་བསྐོ་བཞག་ཟིན་མཚམས་སུ་མཁན་རིན་པོ་ཆེར་གསར་མཇལ་ཞུ་རྒྱུ་དང་། གཟའ་སྐར་འཕྲོད་སྦྱོར་དང་བསྟུན་ཏེ་དབུ་མཛད་ཁྲི་འདོན་གནང་རྒྱུ་སོགས་སྒྲིག་གཞིར་གསལ་བ་ལྟར་ཡིན།

༢༽ འགན་དབང་དང་ལས་ཡུན།

འགན་དབང་ནི། གྲྭ་ཚང་གི་ནང་གྲྭ་ཇ་དང༌། ཕྱི་ཆོས་ར།  བསྐངས་གསོ་ཆེན་མོ་དང་། ཆོས་སྤྱོད་དུས་བཟང་། རྒྱན་འཇུག་དུས་བཟང་། རབ་གནས་དགེ་ལེགས་ཆར་འབེབས། དགའ་ལྡན་སྒྲུབ་མཆོད་ཆེན་མོ་སོགས་ཀྱི་ཆོ་ག་ཕྱག་ལེན་དང་། འདོན་རྟ་དབྱངས། རོལ་དབྱངས། ཐིག་རྡུལ་ཚོན་སོགས་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་འབྱུང་ཐབས་སུ་ཐུགས་འགན་རྐང་བཞེས་གནང་རྒྱུ་མ་ཟད། གྲྭ་ཚང་གི་ཁྲིམས་སྒྲིགས་ཁག་ལག་བསྟར་འཐུས་ཚང་འབྱུང་ཕྱིར། མཁན་རིན་པོ་ཆེ་དང་། དགེ་བསྐོས་ཆེན་མོ་ལགས་རྣམ་པ་གཉིས་ལ་དཔུང་རོགས་གནང་རྒྱུ་དང་། གྲྭ་ཚང་གི་ཚོགས་འདུ་ཆེ་ཆུང་ཚང་མར་ཕེབས་དགོས། ལས་ཡུན་ཉུང་མཐའ་ལོ་༥་ཡིན་ལ། རིང་མཐར་ཚད་གཞི་མེད།

༣༽ དགེ་བཤེས་ཆེན་མོ་བའི་སྐོར།

༡༽ དགེ་བཤེས་ཆེན་མོ་བ་བསྐོ་བཞག་དང་ལས་ཡུན།

གཙོ་ཆེ་བསྙེན་པ་ལས་རུང་སྔོན་སོང་ཟིན་པའི་དགེ་བཤེས་བགྲེས་གྲས་ཤིག་འོས་བསྡུའམ་རེ་སྐུལ་ཞུས་ནས་དགེ་བཤེས་ཆེན་བསྐོ་བཞག་བྱ་དགོས། ལས་ཡུན། འོས་བསྡུའི་ཐོག་བསྐོ་བཞག་བྱས་པ་རྣམས་ལོ་ལྔ་རེ་ཡིན།

༢༽ ལས་འགན།

ལས་འགན་ནི། དགའ་ལྡན་སྒྲུབ་མཆོད་ཆེན་མོ་དང་། རབ་གནས་ཆེན་མོ། བླ་སྤྱི་དང་གྲྭ་ཚང་གི་གཏོར་སྒྲུབ་སོགས་ཀྱི་སློབ་དཔོན་མཁན་རིན་པོ་ཆེས་གནང་ཁོམ་མ་བྱུང་སྐབས་རྡོར་སློབ་གནང་དགོས། རྡོ་རམས་དང་། དགེ་བཤེས་ཀྱི་དམ་བཅའ་ཁག་དང་། དབུ་མ་བཤད་རིང་དམ་བཅའ། གཞུང་ཆེན་ཁག་གི་དམ་བཅའི་ཚིག་བཀྲ་གསུང་རྒྱུ་དང་། ཚོགས་ཆེན་ཚོགས་ལངས་དང་། རྡོ་རམས་དང་རབ་འབྱམས་པའི་བཤད་པའི་གཞུང་གནང་རྒྱུ། གསོ་སྦྱོང་སྐབས་སྙན་གསན་ཞུ་རྒྱུ་དང་དབྱར་བདག་པ་གནང་དགོས་སོགས་ལས་འགན་མང་པོ་ཡོད།