དགའ་ལྡན་ཤར་རྩེ་ནོར་གླིང་སློབ་གྲྭ། 

དགའ་ཤར་ནོར་གླིང་སློབ་གྲྭ། 

༡༽ སློབ་གྲྭ་ཇི་ལྟར་བཙུགས་པ་དང་། བསླབ་གཞི།

ཕྱི་ལོ་ ༡༩༧༡ ལོར་གྲྭ་ཚང་གི་སློབ་གྲྭ་གསར་དུ་དབུ་བརྙེས་ཤིང་། སྐབས་དེར་སློབ་ཕྲུག་ ༢༢ ཙམ་ཡོད་ལ། ཞལ་འདོན་སྐྱོར་སྦྱང་དང༌། ཡི་གེ་འབྲི་ཀློག །རིམ་པས་སྦྱང་ཤིང་ཐོག་དབུ་ཆེན་དང༌། དབུ་མེད་བཅས་ཡིག་གཟུགས་དང༌། དག་ཡིག །སྙན་སུམ། དབྱིན་ཇིའི་སྐད་ཡིག་རྣམས་སློབ་འགོ་ཚུགས།

ཕྱི་ལོ་ ༡༩༧༦ ལོ་ནས་བཤད་སྒྲུབ་འཆད་ཉན་སྔ་མོའི་གྲྭ་ཚང་གི་ཕྱག་སྲོལ་ཉམས་མེད་ཐོག  བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་སྙན་སུམ། རྩོམ་རིག །རྒྱལ་རབས། ཆོས་འབྱུང༌། ཡིག་གཟུགས། རི་མོའི་སྒྱུ་རྩལ། དབྱིན་ཇིའི་སྐད་ཡིག །ཨང་རྩིས་སོགས་འཛིན་ཁག་སོ་སོར་སློབ་ཚན་ཆ་བགོས་ཀྱིས་སློབ་ཁྲིད་དང་། རྒྱུགས་སྤྲོད་བཅས་དང༌། གཞན་ཡང་སློབ་ཕྲུག་རྣམས་ལ་དཀྱིལ་འཁོར་བྲིས་ཐིག་དང༌། མཆོད་བཟོ་དཀར་རྒྱན། འདོན་རྟ་དབྱངས། གློག་ཀླད་སྦྱོང་བརྡར། ཚན་རིག་དང༌། རྒྱ་ཡིག་འཛིན་གྲྭ་བཅས་ཆེད་བཙུགས་ཀྱིས་སློབ་ཁྲིད་འཕར་མ་དང༌། ཆོས་མཚམས་ནམ་ཡིན་སྐབས་གཞི་གསུམ་ཆོ་ག་དང༌། སྡོམ་གསུམ་བསླབ་བྱ། ལམ་རིམ་དང༌། སྤྱོད་འཇུག་སོགས་དམིགས་བཀར་གྱིས་སློབ་ཁྲིད་གནང་བཞིན་ཡོད།

༢༽ སློབ་སྤྱི་དང་སློབ་དགེ།

སློབ་སྤྱི་དང་། ལས་དྲུང་། སློབ་གྲྭའི་རྒྱུན་ལས་དགེ་རྒན་བཅུ། དཔེ་ཁྲིད་དགེ་རྒན། སྙན་སུམ་རིག་གནས་དགེ་རྒན། དེང་དུས་སྐད་ཡིག་དགེ་རྒན། རྒྱ་ཡིག་དགེ་རྒན། ཚན་རིག་དགེ་རྒན། ཨང་རྩིས་དགེ་རྒན། གློག་ཀླད་དགེ་རྒན། ཡིག་གཟུགས་དགེ་རྒན། རི་མོའི་དགེ་རྒན་བཅས་ཡོད།

༣༽ སློབ་གྲྭ་ཚོགས་དུས་དང་འཛིན་གྲྭ

སྔ་དྲོའི་ཕྱག་ཚོད་ ༨-༣༠ ནས་ ༡༡-༣༠ བར།

ཕྱི་དྲོའི་ཕྱག་ཚོད་ ༢-༣༠ ནས་ ༥-༣༠ བར་ཡིན། ཉིན་རེར་ཚོགས་ཐེངས་དྲུག་རེ་ཡོད།

སྔོན་འགྲོ་འཛིན་གྲྭ་དང་། འཛིན་གྲྭ་དང་པོ་ནས་བཅུ་པ་བར་ཡོད། (ཕར་ཕྱིན་འཛིན་གྲྭ་ལྔ། དབུ་མ་འཛིན་གྲྭ་གསུམ་བཅས་ལའང་སུམ་རྟགས་དག་གསུམ་དང་། སྙན་ངག རྒྱལ་རབས། ཆོས་འབྱུང་བཅས་སྐོབ་ཁྲིད་སློབ་གྲྭ་ནས་གོ་སྒྲིག་ཞུ་བཞིན་ཡོད།)

སྔ་དྲོ་དང་། ཉིན་གུང་། དགོང་དྲོ་བཅས་ཀྱི་ཞལ་ལག་སྐབས་རྒྱལ་བའི་ཞབས་བརྟན་དང་། སྒྲོལ་མ། གདུགས་དཀར། ཤེར་སྙིང་། སྨན་གཟུངས་དང་ཚེ་གཟུངས་སོགས་གསོག་སྒྲུབ་ཞུ་བཞིན་ཡོད།

༽ སློབ་གྲྭའི་ནང་འཛུལ་ཞུགས་བྱ་ཕྱོགས།

སློབ་གླིང་འདིར་ཞུགས་པར་མི་རིགས་དང་། རིགས་རུས། ཤ་མདོག་སོགས་དབྱེ་བ་གང་ཡང་མེད་ཀྱང་། སློབ་གླིང་འདིར་འཛུལ་ཞུགས་མ་བྱས་སྔོན་ལ་གྲྭ་ཚང་འདིའི་ཁྱབ་ཁོངས་ཀྱི་ཁང་ཚན་བཅུ་གཅིག་གང་རུང་ནང་འཛུལ་ཞུགས་དགོས་པ་དང་། དེ་རྗེས་གྲྭ་ཚང་ཕྱག་མཛོད་ཁང་དུ་དོལ་རྒྱལ་དང་འབྲེལ་བ་མེད་པའི་མནའ་སྐྱེལ་དམ་འབུལ་ཞུས་པའི་ཡི་གེ་དང་། སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གསར་མཇལ་སྐབས་གནང་བའི་མཚན་བཅས་འཁོད་པའི་ཡི་གེ་མཉམ་འཁྱེར་གྱིས་སློབ་གྲྭའི་ཡིག་ཚང་དུ་ཐོ་འགོད་བྱ་དགོས།

སློབ་གྲྭ་འདིའི་ནང་གཙོ་བོ་བོད་རིགས་དང་། གཞན་ཡང་ཧི་མ་ལ་ཡའི་ནང་པའི་མི་རིགས་མོན་པ། ལ་དྭགས། པི་ཏི། ཁུ་ནུ། གྷར་ཤ འབྲུག་པ། འབྲས་ལྗོངས། བལ་ཡུལ། རྒྱ་གར་བ་སོགས་དང་། ཨ་རི་དང༌། སི་སྤེན། ཝེ་ཏི་ནམ། ཐེ་ཝན་སོགས་རྒྱ་རིགས། ཨིས་ཟི་རལ། རི་པན་སོགས་ཀྱི་སློབ་ཕྲུག་ཡོད་པས། མི་རིགས་དང་རིགས་རུས་ཀྱི་དབྱེ་འབྱེད་མེད་པར་འཛུལ་ཞུགས་ཆོག་པ་ཡིན།

༥༽ སློབ་ཚན་ཁག

༡༽ རྒྱལ་རབས། ༢༽ ཆོས་འབྱུང་། ༣༽སྙན་སུམ་རིག་གནས། ༤༽ རྒྱ་ཡིག ༥༽ དབྱིན་ཇིའི་སྐད་ཡིག ༦༽ ཨང་རྩིས། ༧༽ སྤྱི་ཚོགས་ཚན་རིག ༨༽  རི་མོ། ༩༽ རྩོམ་རིག ༡༠༽ མཚན་ཉིད། ༡༡༽ བློ་འཛིན་སྐོར།

༦༽ རྒྱུགས་སྤྲོད་སྐོར།

ཟླ་གསུམ་དང་ཟླ་དྲུག་ལོ་འཁོར་རྒྱུགས་སྤྲོད་བཅས།

བོད་ཟླ་ ༡༢ ཟླ་གསུམ་རྒྱུགས་སྤྲོད་དང་། བོད་ཟླ་ ༤ ཟླ་དྲུག་རྒྱུགས་སྤྲོད། བོད་ཟླ་ ༩ ལོ་འཁོར་རྒྱུགས་སྤྲོད་བྱ་དགོས།

འཛིན་གྲྭ་དྲུག་པ་ནས་བཅུ་པ་བར་གྱི་སློབ་ཚན། (བསྡུས་གྲྭ་འཛིན་ཁག་བཞི་དང་རྣམ་འགྲེལ།)

༡༽ མཚན་ཉིད། བསྡུས་གྲྭ བློ་རིག རྟགས་རིགས། གྲུབ་མཐའ། ཚད་མ་རྣམ་འགྲེལ་བཅས།

༢༽ བོད་ཀྱི་སྐད་ཡིག གཞི་རིམ་འཛིན་གྲྭ་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་དང་། ཁ་སྐོང་གཞན།

༣༽ སྤྱི་ཚོགས་རིག་གནས། འཛིན་གྲྭ་གསུམ་པ་ནས་བདུན་པ་བར་གྱི་སྤྱི་ཚོགས་རིག་གནས།

༤༽ དབྱིན་ཇིའི་སྐད་ཡི། འཛིན་གྲྭ་བཞི་པ་ནས་བདུན་པ་བར་གྱི་སྐད་ཡིག་སློབ་དེབ།

༥༽ ཨང་རྩིས། འཛིན་གྲྭ་བཞི་པ་ནས་བདུན་པ་བར་གྱི་ཨང་རྩིས་སློབ་དེབ།

ཕར་ཕྱིན་འཛིན་གྲྭ་ལྔ་དང་དབུ་མ་འཛིན་གྲྭ་གསུམ་གྱི་སློབ་ཚན།

༡༽ མཚན་ཉིད། དབུ་ཕར་གྱི་གཞུང་ཆེན་ཁག

༢༽ སྙན་སུམ། སི་ཏུ་དང་པྲ་ཏིའི་སུམ་རྟགས་འགྲེལ་པ། སྙན་ངག་ལེའུ་གཉིས་པ་བཅས།

༣༽ ཆོས་འབྱུང་། ལམ་རིམ་བླ་བརྒྱུད་དང་། གཞི་རིམ་སློབ་དེབ་ནང་གསལ་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར། ཐུའུ་བཀྭན་གྲུབ་མཐའི་ནང་གསལ་བོད་ཀྱི་ཆོས་བརྒྱུད་ཁག རྣམ་ཐར་དད་པའི་འཇུག་ངོགས་ནང་གསལ་རྗེའི་རྣམ་ཐར་བཅས།

༤༽ རྒྱལ་རབས། གཞི་རིམ་སློབ་དེབ་ནང་གསལ་བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་བོད་རྗེ་རིམ་བྱོན། རྒྱལ་དབང་སྐུ་འཕྲེང་རིམ་བྱོན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་བཅས།

༥༽ རྩོམ་རིག་སྐོར།