དགའ་ལྡན་ཤར་རྩེ་ཉག་རེ་ཁང་ཚན།

དགའ་ལྡན་ཤར་རྩེ་ཉག་རེ་ཁང་ཚན།

ཉག་རེ་ཁང་ཚན་ནི། གྲྭ་རྒྱུན་མང་ཆེ་བ་བྲག་གཡབ་༸སྐྱབས་མགོན་མ་ཕེབས་པའི་སྔོན་ཁམས་མདོ་སྟོད་ཉག་རེ་དཔོན་གྱིས་དབང་བསྒྱུར་བྱས་པའི་ཡུལ་ནས་བྱུང་བས་ན་ཉག་རེ་ཁང་ཚན་ཞེས་པའི་མཚན་གྲགས་པ་ཡིན། ཕྱིས་སུ་བྲག་གཡབ་༸སྐྱབས་མགོན་གྱིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་སྐབས་སྔར་གྱི་མིང་རང་འཇག་སུ་གནས་པ་ཞིག་ཡིན་འདུག།།

བྲག་གཡབ་༸སྐྱབས་མགོན་སྐུ་ཕྲེང་དང་པོ་བཀའ་བཅུ་གྲགས་པ་རྒྱ་མཚོ་མཆོག  མཁན་ཆེན་བློ་བཟང་བསྟན་པ། དགའ་ལྡན་ཁྲི་ཐོག་གྱ་དགུ་པ་ཁྲི་ཆེན་བློ་བཟང་ཐུབ་བསྟན་སྙན་གྲགས་རྒྱ་མཚོ། ཤར་ཆོས་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཉི་མ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།

༡༽ གྲྭ་རྒྱུན་ཡོང་ཁུངས། ༸སྐྱབས་མགོན་ལོ་ཆེན་བློ་ལྡན་ཤེས་རབ་སྐུ་ཕྲེང་ན་རིམ་གྱི་གདན་ས་མདོ་ཁམས་བྲག་གཡབ་མ་དགོན་བཀྲ་ཤིས་གཡང་འཁྱིལ་དང༌། བུ་དགོན་བཤད་སྒྲུབ་ཆོས་འཁོར་གླིང་གཉིས་ཀྱི་མངའ་ཁོངས་ནས་དང༌། གཞན་ཡང་གོ་འཇོ། དེ་བཞིན་དགའ་ལྡན་དང་ཐག་ཉེ་མལ་གྲོ །འབྲི་གུང༌། འཕན་པོ། དྭགས་ཀོང་། ལྷ་ས་སོགས་བོད་དབུས་དང་གཙང་བཅས་སུ་ཕྱོགས་དང་རིས་སུ་མ་ཆད་པ་རབ་ཏུ་བྱུང་འདོད་ཡོད་ཚེ་ཀ་ཀོར་མེད་པར་ཉག་རེ་ཁང་ཚན་དུ་སྒྲིགས་ཞུགས་ཆོག་པའི་བྲག་གཡབ་བླ་བྲང་ནས་ལམ་ལུགས་གཏན་ཚིག་ཡོད་ཅིང༌། དེང་དུས་འཕགས་ཡུལ་དུའང་བལ་པོ། སི་པེན། ཐེ་ཝན། ཧི་མ་ལ་ཡི་རི་རྒྱུད་ཀྱི་མི་རིགས་སུ་ཞིག་ལ་དམ་ཆོས་འདུལ་བའི་དགོངས་དོན་བཞིན་འགལ་རྐྱེན་བྲལ། མཐུན་རྐྱེན་ཚང་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཁྱད་པར་མེད་པར་རང་དབང་གིས་འཛུལ་ཞུགས་ཆོག་པ་སྐྱབས་མགོན་དགུ་པ་ཆེན་པོའི་བཀའ་གཏན་ལག་ལེན་སྟར་མུས་ཡིན།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ། བོད་ཟླ་ ༡༢  ཚེས་ ༢༦ ཁང་ཚན་ལོ་གསར་གྱི་སྐབས་དེར་རང་བསྟེན་རྣམ་སྲས་མདུང་དམར་ཅན་དང༌། བསེ་ཁྲབ་གཉིས་ཀྱི་བསྐང་གསོ། ཚོགས་དང་གཤེགས་གཏོར་རྣམས་རྟ་དབྱངས་དང་བཅས་ཏེ་རྒྱས་པར་འདོན་དགོས་པ་དང༌། དེ་ནས་ཚེས་གྲངས་གང་རུང་ཞིག་ལ་གྲྭ་མང་གི་སྐུ་རིམ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་ཉིན་གཉིས་དང་། ཡང་ཡུམ་རྒྱས་འབྲིང་བསྡུས་གསུམ་དག་སྒྲོག་ཁང་ཚན་རང་གིས་བྱེད་པ་དང༌། བོད་ཟླ་བརྒྱད་པ་དང་དགུ་པ་གང་རུང་གི་ཚེས་བཟང་ཞིག་ལ་རྣམ་སྲས་དཔེ་རིངའམ་ནོར་བུ་ཆ་བརྒྱད། མགོན་དཀར། ཛམ་དཀར་བཅས་ཀྱི་གཡང་སྒྲུབ་ཉིན་གསུམ་དང༌། གཏང་རག་བསྐང་གསོ་ཉིན་གཅིག་བཅས་ཁྱོན་ཉིན་བཞི་འཚོགས་དགོས། གསང་ཕུ་དབྱར་ཆོས་སྐབས་ཆོས་སྤྱོད་དུས་བཟང་ཉིན་གཅིག་དང༌། དགུན་ཆོས་གཉིས་པའི་ནང་བསྐང་གསོ་ཆེན་མོ་ཉིན་གཉིས་གྲྭ་ཚང་གི་ཕྱག་སྲོལ་ལྟར་འཚོགས་དགོས། བོད་ཟླ་ ༡༢ ནང་གནས་བརྟན་ཕྱག་མཆོད་ཉིན་གཅིག སྒྲོལ་ཆོག་ཉིན་གཅིག སྨན་བླ་མདོ་ཆོག་ཉིན་གཅིག་དང་སྤྱིར་ཟླ་བསྐང་ཆག་མེད་འཚོགས་དགོས། སྟག་རྩེ་སྒྲུབ་མཆོད་སྐབས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཆེན་མོ་དེ་བཞིན་ཉག་རེ་དང༌། རྡོ་ཁང༌། རྟ་དབོན། གུང་རུ་ཁང་ཚན་བཞིས་གཙོ་བཟུང་ཐོག་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེས་སློབ་དཔོན་དང་། གྲྭ་ཚང་གི་ཆེན་མོ་ལགས་མཆོག་གིས་དབུ་མཛད་གནང་བས་གྲྭ་ཚང་གི་ཆོག་གྲྭ་བའི་མཚན་ཐོབ། སྐབས་སྐབས་དགོང་མོར་ཁང་ཚན་ནང་སློབ་གཉེར་བ་ཡོངས་རྫོགས་འདུ་འཛོམས་ཀྱིས་བ་ར་དམ་བཅའ་འཇོག་དགོས་པར་མ་ཟད། ཆོས་ར་ཡོད་སྐབས་མང་ཆེ་བར་གྲྭ་ཚང་ནང་རྩོད་གྲྭ་འཚོགས་པ་དང༌། ཁང་ཚན་ནང་ཁང་དགེའི་བཀོད་འདོམས་འོག་སྐྱོར་བརྡ་འཚོགས་ནས་སློབ་གཉེར་བ་རྣམས་ཀྱིས་ཚོམས་སྒོའི་མདུན་འཇམ་དཔལ་མཚན་བརྗོད་དུམ་མཚམས་རེ་དང༌། དེ་རྗེས་རྒྱན་འཇུག་གཉིས་གསུང་རེས་ཀྱིས་མཇུག་སྐྱོང་དང༌། བསྐྱེད་རིམ་པ་རྣམས་ནས་ཆོས་སྤྱོད་ཅི་རིགས་སྐྱོར་དགོས་པ་བཅས། ལོ་གཅིག་ལ་ངེས་ཅན་གྱི་མཛད་སྒོ་དེ་དག་ཡིན།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽  སྔར་བོད་དུ་ཁང་ཚན་འདི་ཉིད་ལ་དགེ་འདུན་ཞལ་གྲངས་ ༧༠༠ ཡན་མན་ཡོད།
ཁ༽  བོད་ནས་ཐོག་མར་བཙན་བྱོལ་དུ་ཁང་ཚན་འདིའི་དགེ་འདུན་པ་ ༧༠ ཡན་མན་ཞིག་ཕེབས་ཁོངས་ནས་སྦག་ས་ཆོས་སྒར་དུ་དགེ་འདུན་པ་ ༤༠ ཡན་མན་དང་། གཞན་རྣམས་ཌལ་ལ་ཧོ་སེ་དང་ལམ་བཟོ་བཅས་ལ་ཕེབས་འདུག
ག༽ མོན་གྷོ་འདོད་དགུ་གླིང་དུ་ཐོག་མར་དགེ་འདུན་ ༢༠ དང་། རྒན་དགེ་འདུན་གཙོས་ཞལ་གྲངས་ ༢༡ ཕེབས་ཐུབ་བྱུང་ཡོད། རིམ་པ་གཉིས་པའི་སྐབས་ཕེབས་འབྱོར་བྱུང་བ་ཞལ་གྲངས་ ༡༠ བཅས་སྔ་རྗེས་ ༣༡ ཙམ་བྱུང་ཡོད།
ང༽ དེང་སྐབས་དགེ་འདུན་ཞལ་གྲངས་ ༡༥༨ བཅས་ཡོད།

༤༽ འཛིན་སྐྱོང་གི་སྡེ་ཚན།
ཁང་ཚན་རྒན་གཅིག འཛིན་སྐྱོང་ཚོགས་ཆུང་། དབུ་མཛད་གཅིག གཉེར་པ་རྒན་པ་གཉིས་དང་གཞོན་པ་གཉིས་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་དགའ་ཤར་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།