དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན།

དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན།

སོག་པ་ཁང་ཚན། མཚན་ཐོགས་སྟངས་ལ་བཤད་ཚུལ་ཁ་ཤས་ཡོད་པ་ནི། དེ་ཡང་སོག་པོ་ཞེས་འབྲི་མཁན་དང་། སོག་པ་ཞེས་འབྲི་སྲོལ་གཉིས་འདུག་པས། དང་པོ་སོག་པོ་ཞེས་པ་ནི་སྔོན་མའི་དུས་སུ་སོག་པོའི་གྲྭ་རྒྱུན་གྱི་ཐོབ་ཁོངས་ཡིན་པས་སོག་པོ་ཞེས་ཐོགས་པ་རེད། ཅེས་བཤད་པ་དང་། གཉིས་པ་སོག་པ་ཞེས་ཐོགས་དོན་ནི། འབྲས་སྤུངས་སུ་༸གོང་ས་༸སྐུ་ཕྲེང་ན་རིམ་ཆིབས་བསྒྱུར་སྐབས་ཆིབས་བཤོལ་གནང་སྟེ། དགོན་པ་ལ་སྐུ་ཕྱག་འབུལ་ཡུལ་གྱི་ས་ཆ་ཞིག་ཡོད་པ་དེའི་མིང་ལ་སོག་པ་སྒང་ཞེས་ཟེར་བ་དང་། དེ་དང་གཅིག་མཚུངས་དགའ་ལྡན་དུའང་ས་ཆ་ཞིག་ཡོད་པ་དེའི་མིང་ལའང་སོག་པ་སྒང་ཞེས་འབོད་ཅིང་ས་ཆ་དེ་ཁང་ཚན་ལ་དབང་བའི་ས་ཆ་ཞིག་ཡིན་པས། ཕྱིས་སུ་ས་ཆ་དེའི་མིང་ཁང་ཚན་གྱི་མིང་ཆགས་ཏེ། སོག་པ་ཁང་ཚན་ཞེས་ཐོགས་པར་བཤད། འཇམ་དབྱངས་ཁང་ཚན་ཞེས་ཐོགས་དོན་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས་དགའ་ལྡན་དུ་ས་བདག་ལྟོ་ཐིག་གནང་སྐབས་ས་བདག་གི་ལྟེ་བར་སོག་པ་ཁང་ཚན་ཁེལ་ཡོད་པས། དེ་ལ་ས་བཅོས་སུ་མཁས་གྲུབ་རྗེ་རང་གིས་ཕྱག་བྲིས་གནང་ཞིང་རྒྱུ་རྗེ་བདག་ཉིད་ཆེན་པོའི་ཤངས་ཁྲག་ལས་གྲུབ་པའི་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་ཐང་ཐོག་བརྩེགས་གཅིག་ཅན་ཞིག་བཞེངས་བསྐྲུན་གནང་བ། ༡༩༥༩ ལོ་བར་དུ་ཁང་ཚན་གྱི་རྟེན་གཙོར་བཞུགས་པས་འཇམ་དབྱངས་ཁང་ཚན་ཞེས་ཐོགས་པར་བཤད།

གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ། གནས་བརྟན་བ་ཀུ་ལའི་སྤྲུལ་བར་ལུང་བསྟན་པའི་ཨ་མཆོག་རྒྱ་བོ་ཞེས་གྲགས་པ་ངག་དབང་བློ་བཟང་། ཨ་མཆོག་སྐུ་འཕྲེང་རིམ་བྱོན། ཨ་ལགས་སངས་ཚང་རིན་པོ་ཆེ། ཇོ་ནང་རྒྱལ་ཚབ་གཙང་བ་སྤྲུལ་སྐུ་ཨ་ལགས་ཆོས་ཀྱི་སྣང་བ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།

༡༽ གྲྭ་རྒྱུན་གྱི་ཡོངས་ཁོངས། མགོ་ལོག་འབུམ་པ་ཁག་གསུམ་དང་། མགོ་ལོག་དབལ་ཤུལ་ཟླ་གསེར་གཉིས་སོགས། མགོ་ལོག་གི་ཡུལ་ཕྱོགས་ཡོངས་རྫོགས་དང༌། རྔ་བའི་ཡུལ་ཕྱོགས་ཡོངས་རྫོགས། ཁྱུང་མཆུ་རྫོང་ཁོངས་ཡོངས་རྫོགས། རྒྱ་རོང་གི་ས་ཕྱོགས་འགའ་རེ་བཅས་དང་།  དེ་བཞིན་སྔར་དབུས་གཙང་ཕྱོགས་ནས་འཕན་པོ་དང༌། སྟག་རྩེ། མཐའ་རྒྱས། མལ་དྲོ། ལ་མོ། རྒྱ་མ། ལོ། གཙང་ཏོག་གཡས་གཡོན་བཅས་ནས་ཡོད་འདུག  དེང་སྐབས་ཀྱང་མོན་ཡུལ། བལ་ཡུལ་དང་། འབྲུག་ཡུལ་སོགས་ཧི་མ་ལའི་རི་རྒྱུད་ཁག་མང་པོ་ནས་ཡོད།

༢༽  ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ།
ཕྱི་ལོ་ ༢༠༠ ་ལོའི་ཟླ་ ༡༢ ཚེས་ ༡༥  ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་དགྱེས་བརྩེ་ཆེན་པོས་སོག་པ་འཇམ་དབྱངས་ཁང་ཚན་གྱི་ནང་དུ་ཐེངས་དང་པོ་ཆིབས་བསྒྱུར་གནང་སྐབས་ཛམ་དཀར་བུམ་པ་བསྒྲུབ་དགོས་འདུག་ཅེས་བཀའ་ལུང་ཟབ་མོ་བསྩལ་པ་དང་། ཕྱིས་སུ་༸གོང་ས་མཆོག་སྐུ་དངོས་ཀྱིས་ཛམ་དཀར་གྱི་གཏེར་བུམ་དང་དེ་སྒྲུབ་ཐབས་ཆོ་གའི་ཕྱག་དཔེ་བཅས་བསྩལ་གནང་བྱུང་བས། དེ་ནས་བཟུང་ལོ་རེར་ཉིན་གསུམ་རིང་ཟབ་རྒྱས་ངང་སྒྲུབ་བཞིན་པ་དང༌། དེ་སྔོན༧གོང་ས་མཆོག་ཐེངས་དང་པོར་ཁང་ཚན་དུ་ཆིབས་བསྒྱུར་སྐབས། རྗེ་རིན་པོ་ཆེ་རང་གིས་བཀའ་བསྒོས་གཉེར་གཏད་ཡོད་པ་དེ་མགོན་ཆོས་གཉིས་ཡིན་ཙང༌། བརྐྱངས་བསྐུམས་མ་དང་མྱུར་མཛད་མ་གཉིས་འདོན་དགོས་པ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་དེ་ནས་བཟུང་ཟླ་རེའི་སྒྲོལ་ཆོག་སོགས་ཀྱི་སྐབས་མགོན་ཆོས་གཉིས་གཙོ་བོ་དང་། ཆོས་སྐྱོང་ཆེན་པོ་བསེ་ཡི་ཁྲབ་ཅན་དང་དགེ་བསྙེན་ཆེན་པོ་རྨ་ཆེན་རྦོམ་ར་བཅས་ཆོས་སྐྱོང་རྣམ་པ་བཞིའི་བསྐང་གསོལ་བསྡུས་པ་རེ་གསུང་བཞིན་པ་སོགས་ཡིན།

སྔར་བོད་དུ་སྟག་རྩེའི་སྒྲུབ་མཆོད་སྐབས་སོག་པ་དང་ཅོ་ནེ་གཉིས་མཉམ་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཀུན་རིག་སྒྲུབ་མཆོད་ཉིན་བཅུ་ཙམ་འཚོགས་སྲོལ་ཡོད། ལོ་རེའི་ཤར་བྱང་གི་དགེ་བཤེས་ལྷ་རམས་པ་གང་ཡོད་ཀྱིས་སྨོན་ལམ་དམ་བཅའི་སྔོན་འགྲོའི་ཚུལ་དུ་སོག་པ་འཇམ་དབྱངས་ཁང་ཚན་གྱི་དམ་ཁྲིའི་སྟེང་ནས་འདུལ་མཛོད་གཉིས་གཙོ་བོར་བྱས་ཏེ་མཚན་ཕུད་དམ་འཇོག་གནང་སྲོལ་ཡོད་པ་དེང་སྐབས་ཀྱང་ལོ་ལྟར་འཚོགས་བཞིན་ཡོད།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་ ༡༢༨ ཡོད།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་པ་ ༡༡ ཕེབས་ཀྱང་། མཐར་སྦག་ས་ཆོས་སྒར་དུ་དགེ་འདུན་པ་ ༨ ཕེབས་ཡོད།
ག༽ ཐོག་མར་མོན་གྷོར་ཕེབས་སྐབས་དགེ་འདུན་པ་ ༢༣ ཙམ་དང་། དེང་སྐབས་དགེ་འདུན་པ་ ༡༩༥ ཙམ་ཡོད།

༤༽ འཛིན་སྐྱོང་སྡེ་ཚན་སྐོར།
ཁང་ཚན་དགེ་རྒན་གཅིག དབུ་མཛད་གཅིག ཤེས་ཡོན་ཚོགས་ཆུང་། དཔེ་མཛོད། དྷཱི་སྐད་རྩོམ་སྒྲིག་ཚོགས་ཆུང་། ཁང་གཉེར་ ༢ བཅས་ཡོད། ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ། །

གྲྭ་ཚང་ཁྱོན་ཡོངས་ཀྱི་དགེ་འདུན་ཞལ་གྲངས་ནི། ཕྱི་ལོ་ ༡༩༥༨ རབ་བྱུང་ ༡༦ པའི་ས་ཁྱི་ལོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཚན་རྟགས་མཛད་སྒོའི་སྐབས་མཛོད་ཆུང་ལས་བྱེད་ནས་གྲྭ་གྲངས་ཞིབ་གཤེར་སྐབས་དགེ་འདུན་ཉིས་སྟོང་ལྔ་བརྒྱ་སྐོར་ཡོད་འདུག