༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས ༥ ཉིན། དགའ་ལྡན་ཤར་རྩེ་གྲྭ་ཚང་དང་སློབ་གྲྭ་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ། སྤྱིར་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཕྱི་ལུགས་དགུང་བརྒྱད་ཅུ་གྱ་བདུན་བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་འཚོག་སྐབས། འཁྲུངས་སྐར་གྱི་སྤྲི་གོར་བྲེག་གཏུབ་དང་། སློབ་གྲྭའི་དུས་དེབ་བྱམས་བརྩེའི་འོད་སྣང་འདོན་ཐེངས་ལྔ་པ་དབུ་འབྱེད། སྐུ་མགྲོན་གཙོ་བོ་གསུམ་གྱིས་བཀའ་སློབ་གསུང་བཤད། སློབ་ཕྲུག་ཚོས་ཨིན་བོད་གཉིས་ཀྱི་ཐོག་ནས་༸རྒྱལ་བའི་མཛད་རྣམ་དྲི་བ་དྲིས་ལན་དང།  སློབ་ཕྲུག་ཆུང་བ་ཚོས་༸གོང་ས་མཆོག་སྐུ་ཁམས་བཟང་། ཞེས་པའི་བསྟོད་ཚིག་སོགས་ཕུལ། སློབ་གྲྭ་ནས་སྐུ་མགྲོན་ཡོངས་ལ་ཉིན་གུང་གསོལ་ཚིགས་དཀར་ཟས་ཕུལ་ཏེ། མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་།

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢ ཉིན། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཐའི་ཝན་ཆོས་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ། ཐའི་ཝན་དུ་སྤྱི་ནོར་༸གོང་ས་༸སྐྱབས་་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་རོལ་དབྱངས་མཛད་སྒོ་གཟབ་རྒྱས་འཚོགས་ཡོད།

དགའ་ལྡན་ཤར་རྩེ་ཐའི་ཝན་ཆོས་ཚོགས་ནས་ལོ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ནས་ལོ་ངོ་བཅུ་གསུམ་འགྲོ་གི་ཡོད་ཅིང། ཐེངས་འདིའི་མཛད་སྒོའི་ཐོག་༸གོང་ས་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ཉིད་ནས་དྲ་ལམ་བརྙན་འཕྲིན་བརྒྱུད་ལམ་སྟོན་བཀའ་སློབ་་བཀའ་དྲིན་སྩལ་གནང་མཛད་ཡོད་ལ། ༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་གྱི་ཉིན། ༸གོང་ས་མཆོག་གི་མཚན་ཐོག་ནས་སྤྱི་ཚོགས་ཞབས་ཞུའི་ཆེད། ལོ་ལྟར་ཛ་དྲག་མྱུར་སྐྱོབ་རླངས་འཁོར་ (Ambulance) རེ་འབུལ་བཞིན་ཡོད་པ་ལྟར། འདི་ལོ་ཡང་ཛ་དྲག་མྱུར་སྐྱོབ་རླངས་འཁོར་(Ambulance) ཞིག་ཕུལ་ཡོད།།