ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོག

དེ་ཡང་བོད་རབ་གནས་ཆུ་སྟག ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༧ རེས་གཟའ་ཉི་མའི་ཉིན། ལོ་འདིའི་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་དང་། ཚོགས་རམས་པ། ཆོས་ཁྲི་སེར་པོའི་དགེ་བཤེས་རྣམས་ཀྱིས། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དཔལ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། གཞུང་ཆེན་བཀའ་པོད་ལྔ་ལ་ལོ་ངོ་ ༢༠ ལྷག་གི་རིང་གསན་བསམ་སློབ་གཉེར་ཚུལ་བཞིན་མཛད་ནས། བོད་རབ་གནས་ཆུ་སྟག ཕྱི་ལོ་ ༢༠༢༢ ལོར་དགེ་བཤེས་གྲྭ་སྐོར་ནང་གི་དམ་བཅའ་ལེགས་པར་གྲུབ། ལྷག་པར་དུ་ ཝིར་ཏི་ནམ་གྱི་དགེ་བཤེས་ལྷ་རམས་པ་དང་པོ་ཕུ་ཁང་དཀོན་མཆོག་འོད་ཟེར་ལགས་སུ་ལེགས་སྐྱེས་བྱ་དགའ་འབུལ་གནང་མཛད།

ཝིར་ཏི་ནམ་གྱི་དགེ་བཤེས་ལྷ་རམས་པ་དང་པོ་ཕུ་ཁང་དཀོན་མཆོག་འོད་ཟེར་ལགས་ཁོང་གིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་པར་མ་ཟད། ཝིར་ཏི་ནམ་གྱི་སྐད་ནི་རང་གི་མ་སྐད་དང་། ཁོང་ཆུང་དུས་ཨ་རིའི་ནང་འཚར་ལོངས་བྱུང་ཞིང་ཨ་རིའི་སློབ་གྲྭར་ཞུགས་པས་དབྱིན་སྐད། བོད་ཀྱི་གདན་ས་ཆེན་པོ་ཞིག་ཏུ་མི་ལོ་ ༢༣ རིང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བས་བོད་སྐད་བཅས་མཁྱེན་གྱི་ཡོད།

ཁོང་ནི་ཝིར་ཏི་ནམ་གྱི་ཁོངས་ནས་དགེ་བཤེས་ལྷ་རམས་པ་ཐོན་པ་ཐོག་མ་དེ་ཡིན་པས། གྲྭ་ཚང་ནས་གཟེངས་བསྟོད་བྱ་དགའ་དང་ལེགས་སྐྱེས་སུ་སྟོན་པའི་ཞལ་ཐང་དང་དྲང་ངེས་ལེགས་བཤད་སྙིང་པོ་གསེར་བྲིས་མ་བཅས་་འབུལ་གནང་སོང་།